ཀོ་ལོ་སི་ལེའུ་ 3 - རྫོང་ཁ་མི་ཚེ་གསརཔ་གི་འབད་ཐངས་ཀྱི་སྐོར། 1 དེ་འབདཝ་ལས་ ཁྱེད་ཆ་ཁྱབ་ཁིརཱིས་དང་གཅིག་ཁར་ གསོན་པོ་སྦེ་ལྷོང་གནང་ཡོདཔ་ལས་ དཀོན་མཆོག་གི་ཕྱག་གཡས་ལུ་ ཁིརཱིས་བཞུགས་ཡོད་པའི་ཞིང་ཁམས་ཀྱི་དངོས་པོ་ཚུ་ལུ་ཚ་གཏད་དེ་སྡོད། 2 ཁྱེད་ཀྱི་སེམས་དེ་འཛམ་བུ་གླིང་ནང་ཡོད་པའི་དངོས་པོ་ཚུ་ནང་མེན་པར་ ཡར་ཞིང་ཁམས་ཀྱི་དངོས་པོ་ཚུ་ལུ་མནོ་བསམ་གཏང་། 3 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱི་མི་ཚེ་རྙིངམ་དེ་ཤི་ཚར་ཡི་ ད་ཁྱེད་ཀྱི་མི་ཚེ་གསརཔ་དེ་ ཁིརཱིས་དང་གཅིག་ཁར་ དཀོན་མཆོག་ནང་གཡིབ་བཞག་ཡོདཔ་ཨིན། 4 ཁིརཱིས་འདི་ང་བཅས་ཀྱི་ཚེ་ཨིན་ ཁོ་འཛམ་བུ་གླིང་ནང་ལོག་འབྱོནམ་ད་ ཁྱེད་ཡང་ཁོ་དང་གཅིག་ཁར་ གཟི་བརྗིད་ནང་འོང་ནི་ཨིན། 5 དེ་འབདཝ་ལས་ ཁྱེད་ཀྱི་སེམས་ནང་ལས་ འཇིག་རྟེན་གྱི་རང་བཞིན་ཨིན་མི་ ག་ཅི་རང་ཨིན་རུང་ འདི་གི་དབང་དུ་བཏང་སྟེ་མ་སྡོད་ དཔེ་གཅིག་འབད་བ་ཅིན་ མ་རབས་ཀྱི་ལཱ་དང་ མ་གཙང་མའི་ལཱ་ འདོད་ཆགས་ འདོད་པ་ངན་པ་ འདོད་པ་ཆེ་དྲགས་འདི་ཚུ་ག་ར་སྤངས་ཏེ་སྡོད་ འདོད་པ་ཆེ་དྲགས་འབད་མི་འདི་ འཇིག་རྟེན་པའི་ཅ་ལ་ཚུ་ལུ་ཆགས་སེམས་བསྐྱེད་ནི་ཨིན། 6 འདི་ཚུ་གིས་འབད་དེ་ དཀོན་མཆོག་གི་ཆདཔ་ཕོག་དོ། 7 ཁྱེད་ཆ་ཁྱབ་ཡང་ ཚེ་ཧེ་མ་འདི་བཟུམ་སྦེ་ སྤྱོད་ངན་གྱི་ལཱ་འབད་དེ་སྡོད་ནུག 8 ད་འདི་ཚུ་ ཙིགཔ་ཟ་ནི་དང་ ཁོང་ཁྲོ་ལང་ནི་ གནོད་སེམས་བསྐྱེད་ནི་ ཁ་གཏང་ནི་ ཁ་ལས་ཐོན་མི་བློ་མ་གཙངམ་ འདི་ཚུ་ག་ར་ཁྱེད་ཀྱི་མི་ཚེ་ནང་ལས་སྤངས་དགོ། 9 ཁྱེད་རང་གཅིག་གིས་གཅིག་ལུ་ཤོབ་མ་རྐྱབས་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཀྱིས་རང་གི་མི་ཚེ་རྙིངམ་དང་ ཧེ་མ་འབད་མི་ལཱ་ཚུ་ག་ར་སྤངས་ཏེ། 10 མི་ཚེ་གསརཔ་ལུ་འགྱུར་ཏེ་འོངས་ཡི་ རང་ལུ་མཛད་གནང་མིའི་དཀོན་མཆོག་གི་རང་བཞིན་བཞིན་དུ་ རང་ཡང་ཁོ་རའི་རང་བཞིན་དང་འདྲཝ་འགྱུར་ཏེ་ ཁོ་གི་སྐོར་ལས་ ཧེ་མ་ལས་ཡང་ལྷགཔ་སྦེ་ཧ་གོ་ནི་ཨིན། 11 ནཱ་ལུ་ ཕྱིའི་མི་རིགས་དང་ ཡ་ཧུ་ད་པ་ དེ་ལས་ ཡ་ཧུ་ད་པའི་རྟགས་བཀལ་མི་དང་མ་བཀལ་མི་ མི་གནགཔོ་ ཡར་རྒྱས་མ་འགྱོ་མི་ཚུ་ རྒྱོབོ་རྒྱམོ་དང་ རང་དབང་ཐོབ་མི་ཚུ་གི་བར་ན་ ཁྱད་པར་ག་ནི་ཡང་མེད་ ཨིན་རུང་གཙོ་བོ་རང་ ང་བཅས་ག་ར་ ཁིརཱིས་ནང་གཅིག་ཨིནམ་མ་ཚད་ ཁོ་ག་ར་ནང་བཞུགས་ཡོདཔ་ཨིན། 12 དེ་འབདཝ་ལས་ དཀོན་མཆོག་གིས་བཙག་འཐུ་མཛད་གནང་མི་ དམ་པ་དང་བརྩེ་བའི་མི་གཅིག་སྦེ་ རང་གིས་རང་ལུ་སྙིང་རྗེ་དང་ བྱམས་བརྩེ་ ཉམ་ཆུང་ རང་བཞིན་འཇམ་ཏོང་ཏོ་ བཟོད་སེམས་ཀྱིས་གང་སྟེ་སྡོད་དགོ། 13 ཁྱེད་རང་གཅིག་གིས་གཅིག་ལུ་བཟོད་པ་བསྒོམས་ཏེ་ གཞན་གྱིས་ཁྱེད་ལུ་འཛོལ་བ་འབད་འབདཝ་ཡོད་པ་ཅིན་ གཙོ་བོ་གིས་ཁྱེད་ལུ་བཤགས་པ་བཞེས་དོཝ་བཟུམ་སྦེ་ འདི་ལུ་ཡང་ཁྱེད་ཀྱིས་བཀའ་དྲིན་བསྐྱང་དགོ། 14 ཨ་ནི་བྱ་སྤྱོད་བཟང་པོ་འདི་ཚུ་ལས་ཡང་ལྷགཔ་སྦེ་ གཅིག་གིས་གཅིག་ལུ་བྱམས་སེམས་བསྐྱེད་དེ་སྡོད་དགོ་ དེ་ལས་ཁྱེད་ག་ར་གིས་མཐུན་ལམ་བཟང་པོ་ནང་སྡོད་ནི་ཨིན། 15 སྐུ་གཟུགས་གཅིག་གི་ཡན་ལག་འདི་ཚུ་བཟུམ་སྦེ་ ཁྱེད་ཆ་ཁྱབ་ཡང་ མི་གཅིག་སྦེ་མཐུན་ནི་གི་དོན་ལུ་ བཙག་འཐུ་མཛད་ཡོདཔ་ལས་བརྟེན་ཏེ་ ཁིརཱིས་ཀྱི་ཞི་བདེ་ ཁྱེད་ཀྱི་སེམས་ལུ་དབང་སྐྱོང་འབད་བཅུག་ དེ་ལས་ཁྱེད་བཀའ་དྲིན་དགའ་ཚོར་ཅན་སྦེ་འཐོན་དགོ། 16 ཁིརཱིས་ཀྱི་གསུང་ ཁྱེད་ཀྱི་སེམས་ནང་ཕུན་སུམ་ཚོགསཔ་སྦེ་བཞུགས་བཅུག་ ཤེས་རབ་ཡོངས་ལུ་བརྟེན་ཏེ་ གཅིག་གིས་གཅིག་ལུ་བསླབ་བྱ་བྱིན་ཏེ་ཆོས་སྟོན་ དེ་ལས་མགུར་མ་དང་གསུང་ དཀོན་མཆོག་ལུ་བསྟོད་དབྱངས་ཀྱི་ཐོག་ལས་ ཁོ་ལུ་བཀའ་དྲིན་དགའ་ཚོར་ཕུལ་དགོ། 17 དེ་ལས་ཁྱེད་ཀྱིས་གཏམ་གཅིག་སླབ་རུང་ ལཱ་གཅིག་འབད་རུང་ ག་ཅི་རང་འབད་རུང་ གཙོ་བོ་ཡེ་ཤུ་གི་སྐུ་ཚབ་ཨིནམ་བཟུམ་སྦེ་ འདི་ཚུ་ག་ར་འབད་དགོ་ ཡེ་ཤུ་གི་སྒོ་ལས་སྦེ་ ཡབ་དཀོན་མཆོག་ལུ་ བཀའ་དྲིན་ཕུལ།། དདཔ་ཅན་བཟའ་ཚང་གི་སྒྲིག་ལམ་ཚུ་གི་སྐོར། 18 ཁྱེད་ཨམ་སྲུ་ཆ་ཁྱབ་ཀྱིས་ གཙོ་བོ་གི་སྐུ་མདུན་ལུ་འོས་འབབ་ཡོདཔ་གཅིག་སྦེ་ རང་གི་རྨགཔ་གི་དབང་ཚད་འོག་ལུ་སྡོད་དགོ། 19 ཁྱེད་རྨགཔ་ཆ་ཁྱབ་ཀྱིས་ རང་གི་ཨམ་སྲུ་ཚུ་ལུ་སྒྲིག་ཚ་དྲགས་མ་འབད་བར་ བྱམས་སེམས་བསྐྱེད་དགོ། 20 ཁྱེད་ཨ་ལོ་ཆ་ཁྱབ་ཀྱིས་ ག་ཅི་ནང་རང་འབད་རུང་ ཁྱེད་རང་གི་ཕམ་གྱིས་ག་སླབ་མི་ཁ་ལུ་ཉན་དགོ་ ག་ཅི་སྨོ་ཟེར་བ་ཅིན་ འདི་གིས་འབད་དེ་ གཙོ་བོ་ལུ་ཐུགས་དགྱེས་བཅུགཔ་ཨིན། 21 ཁྱེད་ཨ་པ་ཆ་ཁྱབ་ཀྱིས་ རང་གི་ཨ་ལོ་ཚུ་ལུ་ཙིགཔ་ཟ་མ་བཅུག་ དེ་སྦེ་འབད་བ་ཅིན་ ཁོང་སེམས་ཤི་འོང་། 22 རྒྱོབོ་རྒྱམོ་ཚུ་ ཁྱེད་ག་ཅི་ནང་རང་འབད་རུང་ ཁྱེད་རའི་སྦྱིན་བདག་གི་ཁ་ལུ་ཉན་དགོ་ སྦྱིན་བདག་གིས་ཁྱེད་ལུ་བལྟཝ་ད་རྐྱངམ་གཅིག་ ལཱ་ལེགས་ཤོམ་འབད་དེ་ སྦྱིན་བདག་གི་སེམས་ལྷུ་ནིའི་དོན་ལུ་མེན་པར་ དོན་ལས་རང་སེམས་ཀྱི་གདིང་ལས་ ལཱ་ཕྲང་སྟེ་འབད་བྱིན་དགོ་ སྤྱོད་ལམ་དེ་སྦེ་འབད་མི་འདི་ གཙོ་བོ་ལུ་ཞེ་ས་འབད་བའི་དོན་ལུ་ཨིན། 23 ཁྱེད་ཆ་ཁྱབ་ཀྱིས་ལཱ་ག་ཅི་རང་འབད་རུང་ མི་གི་དོན་ལུ་མེན་པར་ དཀོན་མཆོག་ལུ་ཕྱག་ཞུ་དོཝ་བཟུམ་སྦེ་རང་ སེམས་ཀྱི་གདིང་ལས་རང་འབད་བྱིན་དགོ། 24 ག་ཅི་སྨོ་ཟེར་བ་ཅིན་ གཙོ་བོ་ལས་ཁྱེད་རང་གི་ཤུལ་ནོར་ གསོལ་རས་སྦེ་ཐོབ་ནི་ཨིན་ཟེར་ཁྱེད་ཀྱིས་ཤེས་ ཁྱེད་ཀྱིས་ཕྱག་ཞུ་མི་དེ་གཙོ་བོ་ཁིརཱིས་ཨིན། 25 ག་གིས་རང་འབད་རུང་ ཉེས་པ་འབད་བ་ཅིན་ འདི་གིས་ཉེས་པ་གི་འབྲས་བུ་ཐོབ་ནི་ཨིན་ དེ་ནང་ལུ་ཉེ་རིང་རྩ་ལས་མི་ཕྱེ།། |
© 2012, Wycliffe Bible Translators, Inc. All rights reserved
Wycliffe Bible Translators, Inc.