ཐེ་ས་ལོ་ནི་ཀ་དང་པ་ལེའུ་ 5 - རྫོང་ཁ་གཙོ་བོ་མ་བྱོན་ཚུན་ཚོད་མཚམས་ཚོད་ཤེས་ཏེ་སྡོད་དགོ་པའི་སྐོར།། 1 དབའེ་སྤུན་ཆ་ཚུ་ ད་ཉིནམ་དང་དུས་ཚོད་ཀྱི་སྐོར་ལས་ ང་བཅས་ཀྱིས་ཁྱེད་ལུ་འབྲི་མི་དགོ། 2 ག་ཅི་སྨོ་ཟེར་བ་ཅིན་ ཨརཝ་དེ་ཚུ་ནུབ་མོ་དུས་ཚོད་ག་དེམ་ཅིག་ལུ་འོངམ་ཨིན་ན་ ག་གིས་ཡང་མི་ཤེས་ དེ་བཟུམ་སྦེ་ གཙོ་བོ་གི་ཉིནམ་དེ་ཡང་ ནམ་འོང་ནི་ཨིན་ན་མི་ཤེས་ཟེར་ ཁྱེད་རང་གིས་ལེགས་ཤོམ་སྦེ་ཤེས། 3 མི་ཚུ་གིས་དུས་སྐྱིད་ཏོང་ཏོ་དང་ཞི་བདེ་ཡོད་ཟེར་ སླབ་སྡོད་པའི་བར་ན་ དཔེར་ན་ཨམ་སྲུ་ཨ་ལོ་སྐྱེས་བའི་ན་ཟུག་རྐྱབ་དོཝ་བཟུམ་སྦེ་ རྐྱེན་ངན་དེ་ཡང་ དེ་འཕྲོ་ལས་ཕོག་འོངམ་ད་ ཁོང་གིས་སྤར་མི་ཐར། 4 དེ་འབདཝ་ད་སྤུན་ཆ་ཚུ་ ཁྱེད་གནག་དུང་དུ་ནང་སྡོད་མིའི་མི་མེན་ གཙོ་བོ་གི་ཉིནམ་དེ་ ཨརཝ་འོང་དོ་བཟུམ་སྦེ་འོངམ་ད་ ཉིནམ་དེ་གིས་ ཁྱེད་རྣམ་རྟོག་ལང་མ་བཅུག 5 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་འོད་ཀྱི་ཨ་ལོ་དང་ ཉིན་མ་ལཱ་འབད་མི་ཚུ་ཨིན་ ང་བཅས་ཆ་ཁྱབ་གནག་དུང་དུ་ནང་ ལཱ་འབད་མི་དང་ནུབ་མོ་གི་ཨ་ལོ་མེན། 6 འདི་གི་དོན་ལུ་ང་བཅས་མི་གཞན་ གཉིད་ལོག་སྡོད་མི་བཟུམ་སྦེ་མེན་པར་ ང་བཅས་དྲན་པ་བཏོན་ཏེ་ མཚམས་ཚོད་ཤེསཔ་སྦེ་སྡོད་དགོ། 7 ག་ཅི་སྨོ་ཟེར་བ་ཅིན་ ཁོང་གཉིད་ཁུག་མི་ཚུ་ ནམ་ནུབ་མོ་ར་ གཉིད་ཁུགཔ་ཨིན་ ཁོང་ཆང་འགྲངས་མི་ཚུ་ ནུབ་མོ་ར་ ཆང་འགྲངས་ཏེ་ ག་ནི་ཡང་མ་ཤེས་པར་ལུསཔ་ཨིན། 8 དེ་འབདཝ་ད་ ང་བཅས་འོད་ནང་སྡོད་མིའི་མི་འབད་ནི་འདི་གིས་ མཚམས་ཚོད་ཤེས་ཏེ་སྡོད་དགོ་ དེ་མ་ཚད་ གོ་ཁྲབ་གྱོན་ཏེ་སྲུང་སྐྱོབ་འབད་དོཝ་བཟུམ་ ང་བཅས་ཀྱིས་ཡང་ རང་ལུ་སྐྱབས་འབད་ནི་སྦེ་ དད་པ་བསྐྱེད་དེ་ བྱམས་པ་འབད་དགོ་ ད་རུང་ མགུ་ཏོ་གུ་ལྕགས་རྨོག་བཙུགས་ཏེ་སྲུང་སྐྱོབ་འབད་དོཝ་བཟུམ་ ང་བཅས་ཀྱིས་ཡང་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ཐར་པ་ཐོབ་ནི་གི་རེ་བ་བསྐྱེད་དེ་སྡོད་དགོ། 9 ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གིས་ཆདཔ་གནང་ནི་སྦེ་ ང་བཅས་ལུ་བཙག་འཐུ་མ་མཛད་ ཨིན་རུང་ ཁོ་གིས་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་སྒོ་ལས་ སྐྱབས་མཛད་དེ་ཐར་པ་གནང་ནི་སྦེ་ ང་བཅས་ལུ་བཙག་འཐུ་མཛད་གནང་ནུག 10 གཙོ་བོ་ཡེ་ཤུ་གཤགས་ནི་འདི་གིས་ ཁོ་ལོག་བྱོན་པའི་དུས་ལུ་ ང་བཅས་གསོན་པོ་སྦེ་སྡོད་རུང་ ཤི་སྟེ་སྡོད་རུང་ རྒྱུན་ཆད་མེད་པར་ ཁོ་དང་གཅིག་ཁར་གསོན་པོ་སྦེ་སྡོད་ནི་ཨིན། 11 དེ་འབདཝ་ལས་བརྟེན་ཏེ་ ཁྱེད་ཀྱིས་ད་ལྟོ་ཚུན་ཚོད་འབད་དོཝ་བཟུམ་སྦེ་རང་ གཅིག་གིས་གཅིག་ལུ་དྲན་བསྐུལ་ཞུ་སྟེ་ དད་པ་ནང་སྒྲིང་སྒྲིང་འགྱོ་ནི་གི་དོན་ལུ་ ཆ་རོགས་འབད།། བཀོད་རྒྱ་སྣ་ཚོགས་ཀྱི་སྐོར། 12 དབའེ་སྤུན་ཆ་ཚུ་ ད་ལྟོ་ང་བཅས་ཀྱིས་ཁྱེད་ལུ་དྲན་བསྐུལ་ཞུཝ་ཨིན་ ཁྱེད་ཀྱི་སྦུག་ལུ་ དཀའཝ་སྤྱད་དེ་ ཁྱེད་ལུ་སློབ་སྟོན་འབད་མི་ དཀོན་མཆོག་གི་ཕྱག་ལཱ་འབད་མིའི་འགོ་འདྲེན་པ་འདི་ཚུ་ལུ་ ཁྱེད་ཀྱིས་ཞེ་ས་འབད་དེ་སྡོད། 13 ཁོང་ཆ་ཁྱབ་ཀྱིས་ འདི་ཚུ་ག་ར་ ཁྱེད་ཀྱི་དོན་ལུ་འབདཝ་ཨིན་ཟེར་མནོ་སྟེ་ ཁོང་ལུ་བྱམས་པ་གི་ཐོག་ལས་སྦེ་ གུས་ཞབས་ཡང་འབད་དགོ་ དེ་ལས་ད་རུང་ ཁྱེད་རང་ནང་འཁོད་ནང་འཆམ་ཏོག་ཏོ་སྦེ་སྡོད། 14 དབའེ་སྤུན་ཆ་ཚུ་ མི་སྒྱིད་ངན་ཅན་དེ་ཚུ་ལུ་ཉེན་བརྡ་བྱིན་ སེམས་ཆུང་དེ་ཚུ་ལུ་ བློ་ཁོག་ཆེ་ཏོག་ཏོ་བཟོ་ནི་གི་བསླབ་བྱ་བྱིན་ མི་ཞན་པ་དེ་ཚུ་ལུ་ཆ་རོགས་འབད་བྱིན་ དེ་ལས་མི་ག་ར་ལུ་ ཁྱེད་ཀྱིས་བཟོདཔ་བསྒོམས་ཏེ་སྡོད་ཟེར་ ང་བཅས་ཀྱིས་དྲན་བསྐུལ་འབད་དོ། 15 ཁྱེད་ཀྱི་སྦུག་ལུ་ ག་གིས་འབད་རུང་ ངན་པ་གི་ཚབ་མ་ལུ་ངན་པ་མ་འབད་ དདཔ་ཅན་འབད་རུང་ མི་གཞན་འབད་རུང་ ག་ར་ལུ་ ཨ་རྟག་རང་ལེགས་ཤོམ་སྦེ་འབད་བྱིན་དགོ། 16 དེ་ལས་ཨ་རྟག་རང་སེམས་དགའ་སྤྲོ་གི་ངང་ལུ་སྡོད། 17 དུས་རྒྱུན་དུ་རང་སྨོན་ལམ་ཞུ་སྟེ་སྡོད། 18 སྟབས་བདེཝ་མ་བདེཝ་ག་ཅི་རང་བྱུང་རུང་ དཀོན་མཆོག་ལུ་བཀའ་དྲིན་ཆེ་ཟེར་ཞུ་སྟེ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ཁིརཱིས་ཡེ་ཤུ་ལུ་དད་པ་བསྐྱེད་མི་དེ་ཚུ་གི་སྡོད་ཐངས་དེ་ དཀོན་མཆོག་གི་ཐུགས་དགོངས་དང་འཁྲིལ་ཏེ་ཨིན། 19 དམ་པའི་ཐུགས་ཉིད་ཀྱིས་ཕྱག་ལཱ་མཛད་མི་དེ་ལུ་ ཁྱེད་ཀྱིས་བཀག་སྟེ་མ་བཞག 20 ལུང་བསྟན་གྱི་གསུང་ལུ་མར་སྨད་མ་བརྐྱབ། 21 གསུང་ག་ར་བརྟག་ཞིབ་འབད་ཞིནམ་ད་ བཟང་པོ་དེ་ཚུ་སེམས་ཁར་ལུ་བཞག 22 ངན་པ་དེ་ཚུ་ག་ར་སྤང་སྟེ་སྡོད།། མཐའན་མཇུག་གི་བཀྲ་ཤིས་སྨོན་ལམ་ཞུ་བའི་སྐོར། 23 དེ་ལས་ཞི་བདེ་གནང་མི་དཀོན་མཆོག་ཁོ་རང་གིས་ ཁྱེད་ལུ་ཡོངས་སུ་རྫོགསཔ་སྦེ་གཙངམ་མཛད་བཅུག་ གཙོ་བོ་ཡེ་ཤུ་ཁིརཱིས་ལོག་མ་འབྱོན་ཚུན་ཚོད་ ཁྱེད་ཀྱི་སེམས་དང་རྣམ་ཤེས་ ལུས་དེ་ཚུ་ སྐྱོན་ག་ཅི་ཡང་མེདཔ་སྦེ་ བསྲུང་སྐྱབས་མཛད་དེ་བཞག་བཅུག 24 ག་ཅི་སྨོ་ཟེར་བ་ཅིན་ ཁྱེད་ལུ་འབོ་མི་དཀོན་མཆོག་འདི་ དམ་ཚིག་ཅན་ཨིན་ ག་ཅི་འབད་རུང་ ཁོ་རང་གི་ཞལ་ལས་གསུངས་དོཝ་བཟུམ་སྦེ་རང་མཛད་འོང་། 25 སྤུན་ཆ་ཚུ་ང་བཅས་ཀྱི་དོན་ལུ་སྨོན་ལམ་ཞུ་གནང་། 26 སྤུན་ཆ་ག་ར་ལུ་སྐུ་གཟུགས་བཟང་པོ་ཟེར་སླབ་གནང་། 27 དེ་ལས་ང་གིས་ གཙོ་བོ་གི་མཚན་ནང་ ཨ་ནི་ཡི་གུ་འདི་ སྤུན་ཆ་ག་ར་ལུ་ཡང་ལྷག་སྟེ་བྱིན་ཟེར་དྲན་བསྐུལ་འབད་དོ། 28 ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ཁིརཱིས་ཀྱི་ཐུགས་རྗེ་འདི་ ཁྱེད་དང་གཅིག་ཁར་བཞུགས་བཅུག། །། |
© 2012, Wycliffe Bible Translators, Inc. All rights reserved
Wycliffe Bible Translators, Inc.