མི་ཀཱ 7 - Tibetan Old Testament 2011ཨིསི་རཱཨེལ་པ་ཚོས་ཚུལ་མིན་སྤྱོད་ལོག་བྱས་པ། 1 ཨ་ཁ་ཁ། རེ་ཐབས་བྲལ་བའི་གནས་ཚུལ་སྐྱོ་པོ་འདི་འདྲ་གང་ཡིན་ནམ། ང་ནི་མི་ལྟོགས་པ་ཞིག་གིས་ཤིང་འབྲས་མེད་པའི་སྡོང་པོར་འབྲས་བུ་འཚོལ་བ་དང་། རྒུན་འབྲུམ་མེད་པའི་རྒུན་ཚལ་དུ་རྒུན་འབྲུམ་འཚོལ་མཁན་ཞིག་དང་མཚུངས་ཤིང་། ཡང་རྒུན་འབྲུམ་དང་སེ་ཡབ་ལ་སོགས་པའི་ཤིང་འབྲས་རོ་བཅུད་ལྡན་པ་ཚང་མ་བསྡུ་སྒྲུག་བྱས་ཟིན་ཡོད་པ་རེད། 2 ཡུལ་གྱི་ནང་དུ་མི་དྲང་བདེན་གཅིག་ཀྱང་ལུས་མེད་ཅིང་། དཀོན་མཆོག་ལ་དམ་ཚིག་ཞུས་མཁན་གཅིག་ཀྱང་མེད། མི་ཚང་མས་སྲོག་གཅོད་བྱེད་ཕྱིར་གོ་སྐབས་སྒུག་ནས་བསྡད་ཀྱི་ཡོད་པ་དང་། རང་གི་སྤུན་རྣམས་ལ་རྙིད་ནང་འཛུགས་པ་དང་། 3 དེ་ཚོ་ལས་ངན་བྱེད་པར་མཁས་ཤིང་། ཁྲིམས་དཔོན་དང་ལས་བྱེད་པ་ཚོས་ལྐོག་རྔན་ལེན་པ་དང་། མི་གཙོ་དྲག་ཚོས་གཞུང་ཞབས་པ་རྣམས་དང་ངན་པ་ལག་འབྲེལ་བྱས་ཏེ་རང་གི་འདོད་མོས་བཞིན་དུ་ངན་བྱུས་བརྩམས་ཀྱི་ཡོད་པ་རེད། 4 དེ་ཚོའི་ནང་ནས་དྲང་ཞིང་བཟང་ཤོས་དེའང་རྩྭ་ངན་དང་འདྲ་བར་ཕན་ཐོག་མེད་པ་ཤ་སྟག་ཡོད་པ་ཡིན་ནོ། སྔར་དཀོན་མཆོག་གིས་ལུང་སྟོན་པ་ཁོང་ཚོའི་སྲུང་ཆ་བ་བརྒྱུད་ནས་མི་མང་ལ་ཟོན་བརྡ་གནང་བ་ལྟར། ད་ཁོ་ཚོར་ཉེས་ཆད་གནང་བའི་དུས་ཚོད་རན་པས། ད་ཁོ་ཚོ་མགོ་འཐོམས་ནས་བསྡད་ཡོད་པ་རེད། 5 ཁྱོད་ཚོས་རང་གི་ཁྱིམ་མཚེས་ལ་ཡིད་ཆེས་དང་མཛའ་གྲོགས་ལ་བློ་གཏད་སོགས་མ་བྱེད་ཅིག དེ་ཙམ་མ་ཟད་རང་གི་ཆུང་མ་ལའང་གཏམ་གླེང་བྱེད་སྐབས་ཟོན་བྱེད་དགོས། 6 དུས་ཚོད་དེ་ཚོའི་སྐབས་དེར་བུས་རང་གི་ཕ་ལ་གླེན་པ་ལྟར་བྱེད་ཅིང་། བུ་མོས་རང་གི་མ་དང་མནའ་མས་གྱོས་མོར་རྒོལ་ཞིང་འཁྲུགས་རྩོད་བྱེད་པས། དེ་དུས་མིའི་དགྲ་བོ་ནི་རང་གི་ནང་མིའི་ཁོངས་ནས་འབྱུང་བར་འགྱུར། 7 འོན་ཀྱང་ང་ནི་གཙོ་བོ་དཀོན་མཆོག་གི་འགྲུལ་ལམ་བལྟ་ཞིང་བསྡད་པས། ང་བློ་གདེངས་ཆེན་པོས་དཀོན་མཆོག་གི་རེ་བ་བྱེད་རྒྱུ་ཡིན་པ་དང་། ཁོང་གི་ང་ལ་སྐྱབས་གནང་བ་དང་། ངའི་དཀོན་མཆོག་གིས་ངའི་ཞུ་བར་གསན་པར་གནང་གི་རེད༎ གཙོ་བོ་དཀོན་མཆོག་གིས་ཐར་ལམ་བསྣམས་ཕེབས་པ། 8 དགྲ་བོ་རྣམས་ཀྱིས་ང་ཚོར་འཕྱ་དགོས་དོན་གང་ཡང་མེད། ང་ཚོ་ད་ལྟ་མར་འགྱེལ་ཡོད་རུང་སླར་ཡང་ཡར་ལངས་ངེས་ཤིང་། མུན་པའི་ནང་དུ་ཡོད་ན་ཡང་གཙོ་བོ་དཀོན་མཆོག་གིས་ང་ཚོར་འོད་གནང་བར་འགྱུར། 9 ང་ཚོས་ཁོང་གི་སྤྱན་སྔར་སྡིག་པ་བྱས་པ་ཡིན་པས། དེར་བརྟེན་ང་ཚོས་གནས་སྐབས་རིང་དུ་ཁོང་གི་ཐུགས་ཁྲོར་བཟོད་སྲན་བྱེད་དགོས་ཀྱང་། མཐར་ཁོང་གིས་ང་ཚོར་སྐྱབས་གནང་ཞིང་། ང་ཚོའི་ཐོག་ཏུ་བྱེད་པའི་མནར་གཅོད་རྣམས་ལ་ཁྲིམས་གཅོད་གནང་ངོ་། ཁོང་གིས་ང་ཚོ་ཕྱིར་འོད་ཀྱི་ནང་དུ་བཏོན་ཏེ་སྐྱབས་པ་ང་ཚོས་མཐོང་བར་འགྱུར། 10 དེ་མཐོང་ནས་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་ག་རུ་ཡོད་ཅེས་བཀུར་བ་འདེབས་ཤིང་འཕྱ་གཏམ་བརྗོད་མཁན་ང་ཚོའི་དགྲ་བོ་རྣམས་ཤིན་ཏུ་ངོ་ཚ་དགོས་བྱུང་བ་དང་། དེ་དག་འཕམ་ནས་སྲང་ལམ་བར་གྱི་འདམ་རྫབ་བཞིན་དུ་དེ་ཚོར་རྐང་བརྫིས་བཏང་བ་ང་ཚོས་མཐོང་བར་འགྱུར། 11 ཀྱེ། ཡེ་རུ་ཤ་ལེམ་གྱི་ཡུལ་མི་རྣམས། ཁྱོད་ཚོའི་གྲོང་ཁྱེར་གྱི་ལྕགས་རི་དེ་སྐྱར་རྩིགས་བྱེད་རན་ཡོད། དེ་དུས་ཁྱོད་ཚོའི་ཡུལ་གྱི་ས་མཚམས་དེ་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པས། 12 ཁྱོད་ཀྱི་ཡུལ་མི་རྣམས་ནི་ཤར་དུ་ཨ་སུར་དང་། ལྷོ་ཕྱོགས་སུ་ཨི་ཇིབ་དང་། ཡུབ་རད་གཙང་པོའི་ཁུལ་གྱི་ས་གནས་ཁག་དང་། གཞན་ཡང་ཡུལ་ཐག་རིང་ཁུལ་གྱི་རྒྱ་མཚོ་དང་རི་བོ་མཐའ་དག་ཀུན་ནས་ཁྱོད་ཀྱི་རྩར་ཕྱིར་ལོག་བྱེད་རྒྱུ་ཡིན་མོད། 13 འོན་ཀྱང་ས་གཞིར་གནས་པའི་མི་རྣམས་ཀྱི་བྱ་སྤྱོད་ངན་པའི་རྐྱེན་གྱིས་ས་གཞི་ཡོངས་རྫོགས་འབྲོག་སྟོང་དུ་འགྱུར་ངེས་སོ༎ གཙོ་བོ་དཀོན་མཆོག་གིས་ཨིསི་རཱཨེལ་ལ་སྙིང་རྗེ་ཆེན་པོ་གནང་བ། 14 ཀྱེ། གཙོ་བོ་དཀོན་མཆོག། ཉིད་ཀྱིས་འདམས་གནང་བའི་མི་བརྒྱུད་དེ་ལ་རྫི་བོ་ལྟ་བུ་གནང་བར་མཛོད། ཁོ་ཚོ་འབྲོག་སྟོང་ཁུལ་དུ་གནས་སྡོད་བྱས་ནའང་། དེའི་ཉེ་འཁོར་དུ་ས་ལུད་འཛོམས་པོ་དག་ཡོད་པས། སྔར་བྷ་ཤཱན་དང་གྷིལ་ཨད་ཡུལ་གྱི་རྩྭ་ཁ་བཟང་པོའི་ཁུལ་དུ་འཚོ་བ་བཞིན་སླར་ཡང་ས་ཁུལ་དེ་དག་ལ་འཚོ་རུ་འཇུག་རོགས་གནང་། 15 ཀྱེ། གཙོ་བོ་དཀོན་མཆོག། སྔར་ཁྱེད་ཀྱིས་ངེད་རྣམས་ཨི་ཇིབ་ནས་བཏོན་ཏེ་འཁྲིད་ཕེབས་སྐབས། ཉིད་ཀྱི་ངོ་མཚར་ཆེ་བའི་ལྟས་མཛད་པ་ལྟར། ད་དུང་ཡང་ང་ཚོའི་ཆེད་དུ་དེ་བཞིན་མཛད་རོགས་གནང་། 16 རྒྱལ་ཁབ་ཚོས་དེ་དག་མཐོང་ནས་སྟོབས་ཤུགས་ཉམས་ཤིང་། དངངས་སྐྲག་ཆེན་པོས་ཁ་དང་རྣ་བ་བཀབ་བོ། 17 རང་རང་སོ་སོའི་མཁར་རྫོང་ནས་འཐོན་པ་དང་འདར་ཞིང་འཇིག་ནས་སྦྲུལ་བཞིན་དུ་རྡུལ་གྱི་ནང་འགྲུལ་བར་འགྱུར། འཇིགས་སྣང་ཆེན་པོས་ང་ཚོའི་དཀོན་མཆོག་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་ཕྱིར་ལོག་ཡོང་བར་འགྱུར། 18 ཀྱེ། གཙོ་བོ་དཀོན་མཆོག། ཁྱེད་འདྲ་བའི་དཀོན་མཆོག་གཞན་སུ་ཡང་མེད། གསོན་པོར་ལུས་པའི་ཉིད་ཀྱི་མི་འབངས་རྣམས་ལ་ཁྱེད་ཀྱིས་སྡིག་སེལ་གནང་ཞིང་། ཁྱེད་ནི་དུས་གཏན་དུ་ཐུགས་མི་ཁྲོ་བར། རྒྱུན་དུ་ཐུགས་བརྩེ་གནང་བར་མཉེས་སོ། 19 ཡང་ཁྱེད་ནི་ང་ཚོའི་ཐོག་ཏུ་སྙིང་རྗེས་གཟིགས་ཤིང་། ང་ཚོའི་ཉེས་སྡིག་ཚང་མ་ཞབས་འོག་ཏུ་མནན་ཏེ། དེ་དག་རྒྱ་མཚོའི་གཏིང་དུ་བསྐྱུར་བར་མཛད་ཅིང་། 20 སྔར་ཁྱེད་ཀྱིས་ང་ཚོའི་མེས་པོ་རྣམས་ལ་ཞལ་བཞེས་གནང་བ་བཞིན། ཉིད་ཀྱི་མི་འབངས་ཨབ་ར་ཧམ་དང་ཡ་ཀོབ་ཀྱི་མི་བརྒྱུད་རྣམས་ལ་དམ་ཚིག་དང་ལྡན་ཞིང་དེ་ཚོར་རྒྱུན་དུ་ཐུགས་བརྩེ་སྟོན་གནང་ཡོང་།། |
Tibetan Old Testament © Bible Society of Nepal, 2011.
Nepal Bible Society